སེང་གདོང་མའི་བདག་བསྐྱེད་ཕྲིན་ལས་མྱུར་མགྱོགས234 H5y HAaK
ན་མོ་སེངྷ་དྷ་ཀེི་ཡེ། མཁའ་འགྲོ་སེང་གདོང་མའི་བདག་བསྐྱེད་ཕྲིན་ལས་མྱུར་མགྱོགས་བཞུགས།
སྐྱབས་སེམས་ནི། དྲག་མོ་མཁའ་འགྲོ་སེང་གདོང་མར། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །འཁྲུལ་བྲལ་སངས་རྒྱས་སར་འགོད་བྱ། །ལན་གསུམ།
ཧྲཱིཿ
སྐྱེ་མེད་དབྱིངས་ལས་འགག་མེད་ཡེ་ཤེས་གསལ། །གཉིས་མེད་ཟུང་འཇུག་བྱང་ཆུབ་སེམས་ཀྱི་ངང་། །སྣོད་བཅུད་རྣམ་དག་ཡེ་ཤེས་རང་སྣང་ཆེ། །ལྷུན་གྲུབ་བཀོད་པའི་ཡོན་ཏན་རབ་རྫོགས་པའི། །དྲག་མོའི་ཚང་ཁང་རབ་འཇིགས་གཞལ་ཡས་ཁང་། །མ་སྐྱེས་ཡེ་རྫོགས་བདག་ཉིད་ཡེ་ཤེས་ཀྱི། །མཁའ་འགྲོའི་གཙོ་མོ་སེངྷ་དམར་མོ་ནི། །དམར་གསལ་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་སྐུ། །ཕྱག་གཡས་གཉིས་འཛིན་ཚར་གཅོད་གྲི་ཁུག་འཕྱར། །གཡོན་པས་བདེ་ཆེན་ཐོད་པ་ཐུགས་ཀར་བསྣམས། །ཐབས་མཚོན་ཁ་ཊཱཾ་རྩེ་གསུམ་མཆན་དུ་བཅུག །ཞབས་གཉིས་བམ་རོའི་གདན་ལ་བརྐྱངས་བསྐུམས་བཞེངས། །༼རིན་ཆེན་རུས་རྒྱན་དྲུག་སོགས་དུར་ཁྲོད་ཆས། །སྤྱི་གཙུག་བླ་མ་པདྨ་ཐོད་ཕྲེང་རྩལ། །༽ཕྱོགས་བཞིར་རང་འདྲའི་རིགས་བཞིའི་མཁའ་འགྲོ་རྣམས། །དཀར་སེར་དམར་ལྗང་རང་རྟགས་ཕྱག་མཚན་གྱིས། །མཚན་པའི་གྲི་ཁུག་དང་ནི་ཐོད་ཁྲག་བསྣམས། །དྷ་ཀི་སྡེ་བརྒྱད་དབང་ཕྱུག་ཉེར་བརྒྱད་སོགས། །ཡང་སྤྲུལ་ཕོ་ཉ་ལས་མཁན་ཚོགས་བཅས་རྣམས། །དམ་ཡེ་དབྱེར་མེེད་བདེ་བ་ཆེན་པོར་ཤར། །ཐུགས་ཀར་ཉི་སྟེང་བཾ་མཐར་སྔགས་ཕྲེང་གིས། །བསྐོར་བའི་འོད་ཀྱིས་དོན་གཉིས་སྒྲུབ་པར་བསམ། །ཨོཾ་བཾ་སེངྷ་དྷ་ཀི་ཧ་རི་ནི་ས་ཧཱུཾ་ཛཿ ཞེས་ཅི་མང་བཟླས་རྗེས།
ཕ་རོལ་བན་བོན་བསམ་སྦྱོར་ལས་བྱུང་བའི། །མནན་གཏད་བྱེར་རྨུགས་ལ་སོགས་མི་མཐུན་ཚོགས། །སྔགས་ལས་འོད་ཟེར་དུས་མཐའི་མེ་ལྟར་འཕྲོས། །རྩྭ་སྦུར་བསྲེགས་ལྟར་རྡུལ་དུ་བརླག་པར་བསམ། །ཨ་ཀ་ས་མ་ར་ཙ་ཤ་ཏ་ར་ས་མ་ར་ཡ་ཕཊཿ བཟླའོ༎
མཐར་མཆོད་བསྟོད་ནོངས་བཤགས་བསྡུ་རིམ་ནི།
ཡེ་ཤེས་མཁའ་འགྲོར་མཆོད་བསྟོད་ནོངས་པ་བཤགས། །ལྷ་སྣང་དབྱིངས་བསྡུ་ཡེ་ཤེས་སྐུ་རུ་ལྡང་། །དུས་གསུམ་བསགས་པའི་དགེ་བ་གཅིག་བསྡུས་ཏེ། །བསྟན་འཛིན་ཞབས་བརྟན་བསྟན་པ་རྒྱས་ཕྱིར་བསྔོ། །ཞེས་མཁའ་འགྲོ་སེང་གདོང་དམར་མོའི་ཕྲིན་ལས་རྒྱུན་ཁྱེེར་ཟབ་ལམ་བཅུད་བསྡུས་འདི་སློབ་བུ་བླ་མ་ཀུན་བཟང་ངོར་སྤྲང་སྨྱོན་ཚུལ་མིང་པས་བྲིས་པ་དགེ་ལེགས་འཕེལ། དགེའོ། །དགེའོ།། །།
༜༜༜༜
ཀ ༼ ༽རྟགས་འདིའི་ནང་གི་ཚིག་རྐང་གཉིས་པོ་ར་ཧོར་སྤྲུལ་སྐུ་པདྨ་རྒྱལ་མཚན་གྱིས་བཙུད་པར་གསུངས།
ཁ ལུང་བརྒྱུད་ནི། མཛད་པ་པོ་དང་། དེས་གནས་སྤྲུལ་རྒྱན་ལོ། དེས་དབོན་པོ་ཡེ་ལོ། དེས་མཁན་པད་རྣམ། དེས་བདག་ལ་བརྩེ་བས་གནང་བའོ། །